བླ་མ་རྒྱང་འབོད།
༄༅། །བླ་མ་རྒྱང་འབོད།
བླ་མ་མཁྱེན་ནོ། །
བླ་མ་མཁྱེན་ནོ། །
དྲིན་ཆེན་རྩ་བའི་བླ་མ་འཇིགས་མེད་རབ་གསལ་ཟླ་བ་ཁྱེད་མཁྱེན་ནོ། །
སངས་རྒྱས་ཀུན་གྱི་བདག་ཉིད། །
ལུང་རྟོགས་དམ་ཆོས་འབྱུང་གནས། །
ཚོགས་མཆོག་དགེ་འདུན་མངའ་བདག །
དཔལ་ལྡན་བླ་མ་མཁྱེན་ནོ། །
བྱིན་རླབས་རྒྱ་མཚོའི་གཏེར་མཛོད། །
དངོས་གྲུབ་ཀུན་གྱི་གཞི་མ། །
རྒྱལ་ཀུན་ཕྲིན་ལས་སྤྱི་གཟུགས། །
དཔལ་ལྡན་བླ་མ་མཁྱེན་ནོ། །
ངོ་བོ་ཀ་དག་ཆོས་སྐུ། །
རང་བཞིན་གསལ་བ་ལོངས་སྐུ། །
ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ། །
དཔལ་ལྡན་བླ་མ་མཁྱེན་ནོ། །
གང་སྐུ་མཐོང་བ་ཙམ་གྱིས། །
ལོག་ལམ་སྡིག་ལས་ལྡོག་ཅིང་། །
ཡང་དག་དགེ་ལ་སྦྱོར་མཁས། །
དཔལ་ལྡན་བླ་མ་མཁྱེན་ནོ། །
གང་གསུང་ཐོས་པ་ཙམ་གྱིས། །
རིགས་དྲུག་ཆུ་བོ་བརྒལ་ནས། །
འགོག་ལམ་བདེན་པར་འཁྲིད་མཁས། །
དཔལ་ལྡན་བླ་མ་མཁྱེན་ནོ། །
གང་ཐུགས་གཏད་པ་ཙམ་གྱིས། །
ལྷན་སྐྱེ་ཡེ་ཤེས་རྟོགས་པ། །
འབད་མེད་རྒྱུད་ལ་སྨིན་མཛད། །
དཔལ་ལྡན་བླ་མ་མཁྱེན་ནོ། །
བདག་འདྲའི་རྒྱུད་ཀྱི་ཞིང་ས། །
ངེས་འབྱུང་ཐབས་ཀྱིས་བཏུལ་ཏེ། །
སྨོན་འཇུག་ས་བོན་འདེབས་མཛད། །
དཔལ་ལྡན་བླ་མ་མཁྱེན་ནོ། །
སྨིན་མཛད་དབང་བཞིའི་ཆུ་བོས། །
སྒྲིབ་བཞིའི་དྲི་མ་བཀྲུས་ནས། །
སྐུ་བཞི་ཡེ་ཤེས་བླུག་མཛད། །
དཔལ་ལྡན་བླ་མ་མཁྱེན་ནོ། །
ཀྱེ་མ་བདག་འདྲ་ལས་ངན། །
འདུལ་བའི་ཐུགས་རྗེ་རྒྱལ་བ། །
གཞན་ལས་ལྷག་པའི་བཀའ་དྲིན། །
དཔལ་ལྡན་བླ་མ་མཁྱེན་ནོ། །
དལ་འབྱོར་སྙིང་པོ་ལོན་ཅིང་། །
མི་རྟག་རྒྱུད་ལ་སྐྱེས་ནས། །
འཁོར་བར་ཞེན་པ་ལྡོག་སྟེ། །
རྒྱུ་འབྲས་བླང་དོར་ནུས་པར། །
བླ་མས་བྱིན་གྱིས་རློབས་ཤིག །
ཕ་མ་སེམས་ཅན་ཀུན་ལ། །
ཚད་མེད་བྱམས་དང་རྙིང་རྗེ། །
བླ་མ་སངས་རྒྱས་དངོས་སུ། །
མཐོང་བའི་མོས་གུས་ཤར་བར། །
བླ་མས་བྱིན་གྱིས་རློབས་ཤིག །
གང་གི་གདམས་པ་ཟབ་མོ། །
ཐོས་པའི་སྐལ་བཟང་དུས་སུ། །
རྣམ་གཡེང་ལེ་ལོ་མེད་པ། །
སྒྲུབ་ལ་སྙིང་རུས་ནུས་པར། །
བླ་མས་བྱིན་གྱིས་རློབས་ཤིག །
འབྲལ་མེད་སྤྱི་གཙུག་སྒོམ་ཞིང་། །
དགོངས་རྒྱུད་བྱིན་རླབས་ཟབ་མོ། །
མྱུར་དུ་རྒྱུད་ལ་འཕོས་ནས། །
ཚེ་དང་སྒྲུབ་པ་མཉམ་པ། །
བླ་མས་བྱིན་གྱིས་རློབས་ཤིག །
ལྟ་བ་འཁོར་འདས་མཉམ་ཉིད། །
སྒོམ་པ་མ་བཅོས་རང་བབ། །
སྤྱོད་པ་བྱ་སྤྱོད་རྩོལ་བྲལ། །
འབྲས་བུ་བཙན་ས་ཟིན་པ། །
བླ་མས་བྱིན་གྱིས་རློབས་ཤིག །
ཅེས་དགེ་སློང་བསྟན་འཛིན་བྱམས་ཆེན་༼བླ་མ་ཤོན་༽ནས་བསྐུལ་ངོར་འཁོར་ལོའི་མགོན་པོ་དིལ་མཁྱེན་རྡོ་རྗེ་འཆང་ཆེན་གང་གི་སྐུ་མཆོད་ཐེང་ཉེར་དྲུག་པའི་ཉིན་གུས་འབངས་འགྱུར་མེད་ཆོས་ཀྱི་སེང་གེ་ནས་གསོལ་བ་གཏབ་པའོ།།
